ཚན་རིག་བརྡ་ཆད་གཏན་འབེབ་ཀྱི་བགྲོ་གླེང་ཚོགས་འདུ་
ཐེངས་གཉིས་པ་ཚོགས་པ།
ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་།
ཚོགས་དུས། ༢༠༠༨ ཟླ་༡༡ ཚེས་ ༡༠ ནས་ ༡༢
ཕྱི་ལོ་༢༠༠༨ ལོའི་ཟླ་གསུམ་པའི་ནང་ཐོག་དང་པོར་ཚུགས་པའི་ཚན་རིག་ཐ་སྙད་གཏན་འབེབ་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་བོད་ཀྱི་དཔེ་མཛོད་ཁང་དང་བོད་གཞུང་ ཤེས་རིག་ལས་ཁུངས་ཟུང་འབྲེལ་གྱིས་ཉིན་གསུམ་རིང་ཚུགས་ནས་ཚན་རིག་གི་ཆེད་སྤྱོད་ཐ་སྙད་བརྒྱ་ལྷག་བོད་སྐད་ཐོག་གཏན་འབེབས་གང་ལེགས་བྱུང་ཡོད་ལ། ལོ་རེར་འདི་ལྟའི་བགྲོ་གླེང་ཐེངས་གཉིས་རེ་ཙམ་ལ་ཚོགས་ཐུབ་ཚེ་ཆུ་ཐིག་བསགས་པའི་རྒྱ་མཚོ་ཟེར་བ་བཞིན་རིང་མིན་རང་ཅག་གི་བརྡ་སྐད་ཐོག་ནས་ཚན་རིག་ སློབ་སྦྱོང་ལག་ལེན་ཅི་ལེགས་ཡོང་རྒྱུ་དང༌། ལྷག་པར་གཉན་འཕྲང་གི་དུས་འདིར་ཅི་ནས་ཀྱང་རང་རེའི་རིག་གཞུང་ལ་གཅེས་འཛིན་ཙམ་མ་ཡིན་པར་དུས་རབས་དང་བསྟུན་ནས་རྒྱལ་སྤྱིའི་གླེང་སྟེགས་སུ་ སླེབས་པར་འབད་རྒྱུ་ནི་དུས་རབས་དང་ལོ་རྒྱུས་ཀྱིས་ང་ཚོར་གནང་བའི་འགན་འཁྲི་ཡིན་ལ། འགན་འཁྲི་དེའི་ཆེད་དུ་ཚན་རིག་ཐ་སྙད་གཏན་འབེབ་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་བཞིན་ཕྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༡ ཚེས་ ༡༠ ནས་ ༡༢ བར་ ཉིན་གསུམ་རིང་འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཚོགས་ཡོད། བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་ཡང་ལོ་ཙྰའི་བྱ་བར་ཐུགས་སྣང་དང་མྱོང་འདྲེས་ཆེ་བའི་འབྲེལ་ཡོད་ལོ་ཙྰ་བ་དང་། བོད་ལུགས་གསོ་བ་རིག་པའི་སྨན་པ། ཚན་རིག་དགེ་རྒན་སོགས་ཚོགས་སྡེ་ཁག་ལྔ་ཙམ་ནས་ཡོང་བའི་མི་སྣ་འདུ་འཛོམས་ཀྱིས་ཚན་རིག་ཐ་སྙད་ཉིས་བརྒྱ་ཙམ་གཏན་འབེབས་བྱུང་ཡོད།
ཐེངས་འདིར་གཏན་འབེབས་བྱུང་བའི་ཐ་སྙད་ཁག་མི་རིང་བར་དྲ་ཐོག་འདིར་འགོད་རྒྱུ་ཡིན་པས། ཐུགས་སྣང་ཅན་ཚོས་ཞིབ་འཇུག་དང་བཀོལ་སྤྱོད་ཡོང་བར་ཞུ།
འདས་ལོའི་བརྡ་ཆད་གཏན་འབེབ་ལ་གཟིགས་ན་འདིར་གནོན།