Home page

 

བོད་ཀྱི་དཔེ་མཛོད་ཁང་གི་༢༠༠༩ ལོའི་ཚན་རིག་ཟབ་སྦྱོང་འཛིན་གྲྭ་བསྡུ་རྒྱུའི་གསལ་བརྡ།

རིས་མེད་བོད་ཀྱི་ཆོས་བརྒྱུད་ཁག་གི་བཀུར་འོས་མཁན་པོ་ལས་སྣེ་དང་དགེ་བཙུན་འདུས་པ་རྒྱ་མཚོའི་སྙན་དུ།

དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་ཁྲོད་ནས་ཕྱིའི་རྒྱལ་སྤྱིའི་སྤྱི་ཚོགས་དང་རིག་གཞུང་ལ་འབྲེལ་མེད་དུ་གནས་ཤིང༌། རང་གི་སྲོལ་རྒྱུན་རིག་གནས་ཀྱི་ཁོར་ཡུག་ལས་མ་འདའ་བར་བསྡད་པའི་རྐྱེན་གྱིས་དེང་རབས་ཚན་རིག་གིས་གཙོས་པའི་རིག་གནས་ཁག་ལ་ང་ཚོ་གཞན་གྱི་རྗེས་སུ་ལུས་ཤིང༌། དེ་དང་དེ་ལྟ་བུའི་ཉེར་ལེན་ལ་བརྟེན་ནས་ང་ཚོ་འདི་ལྟར་ཕྱི་ཡུལ་ལ་སྐྱབས་བཅོལ་དུ་འབྱོར་དགོས་བྱུང་ཡོད། གནས་སྟངས་དེ་ལ་གཟིགས་ནས་ྋསྤྱི་ནོར་ྋགོང་ས་མཆོག་གིས་དུས་ཡུན་རིང་མོ་ཞིག་ནས་ཡང་ཡང་བཀའ་བསྩལ་པ་བཞིན། འདི་ག་བོད་ཀྱི་དཔེ་མཛོད་ཁང་གིས་ཕྱི་ལོ་༢༠༠༠ ལོ་ནས་འགོ་འཛུགས་ཀྱིས་ད་ལྟའི་བར་དུ་ཚན་རིག་ཟབ་སྦྱོང་ཐེངས་བཅུ་ཚོགས་ཟིན་པ་དང༌། ཟབ་སྦྱོང་ཐེངས་བཅུ་ལ་ཞུགས་མཁན་ཚོའི་ཁྲོད་ནས་ཚན་རིག་སློབ་སྦྱོང་གི་གྲུབ་འབྲས་དྲག་གྲས་དགེ་འདུན་པ་༣༣ དང༌། བཙུན་མ་ལྔ་ཟུར་དུ་བདམས་ནས་ལོ་ངོ་གསུམ་ནས་ལྔའི་བར་དུ་ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་ཞེས་པའི་ལས་གཞི་ཞིག་ཆེད་དུ་གཉེར་ནས་ཁོང་ཚོར་ཚན་རིག་དགེ་འོས་སྦྱོང་བརྡར་སྤྲོད་བཞིན་ཡོད།

ཕྱི་ལོ་༢༠༠༦ ལོའི་ཟླ་༦ ཚེས་༢༦ ནས་༢༨ བར་ཚོགས་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་དང་སྐུ་ཚབ། མཁན་པོ་བླ་སྤྲུལ་བཅས་གདན་འཛོམས་པའི་ཆོས་ཚོགས་ཐེངས་དགུ་པའི་སྐབས་ཀྱི་གྲོས་ཆོད་དོན་བཅུ་གསུམ་པ་དང༌། དེ་བཞིན་ཕྱི་ལོ་༢༠༠༨ལོའི་ཟླ་༥ ཚེས་༢ ནས་༣ བར་ཚོགས་པའི་གོང་གི་ལྷན་ཚོགས་སོ་སོའི་སྐབས་སུའང་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་ཏུ་ཚན་རིག་སློབ་ཚན་འདི་བཞིན་ཞར་བྱུང་སློབ་ཚན་དུ་འཇོག་རྒྱུའི་སྤྱི་མོས་གྲོས་ཆོད་བྱུང་ཡོད་པ་ཤེས་རྟོགས་བྱུང་ཞིང༌།  ྋགོང་ས་མཆོག་གི་དགོངས་བཞེད་དང་ཆོས་བརྒྱུད་རིས་མེད་ཀྱི་ཚོགས་ཆེན་ཁག་སོ་སོར་སྤྱི་མོས་གྲོས་ཆོད་བྱུང་བའི་དགོངས་དོན་ཁག་མཐའ་འཁྱོལ་ཐུབ་མིན་ནི་གདན་ས་སོ་སོར་ཚན་རིག་འཆད་ཁྲིད་ཐུབ་པའི་གྲྭ་བཙུན་ཡོད་མིན་དང༌། ཚད་ལྡན་གྱི་ཚན་རིག་སློབ་དེབ་ཁག་བོད་ཡིག་ཐོག་ཡོད་མེད་ལ་རག་ལས་ཕྱིར། ཕྱོགས་གཅིག་ནས་གོང་ཞུས་དགེ་འོས་སྦྱོང་བརྡར་བྱེད་བཞིན་པ་དང༌། དེ་དང་ཆབས་གཅིག་ཕྱི་ལོ་༢༠༠༦ ལོ་ནས་བཟུང་སྙན་གྲགས་ཆེ་བའི་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་མཉམ་དུ་ཚན་རིག་གི་ལས་གཞི་འདིའི་ཐོག་མཉམ་ལས་ཀྱི་བྱེད་སྒོ་གསར་པ་ཞིག་གཏན་འབེབས་ཐུབ་པ་བྱུང་ཞིང༌།  ཚན་རིག་སློབ་དེབ་ཁག་གཉིས་བོད་སྒྱུར་བྱས་ཟིན་ཅིང་ཟླ་ཤས་ནས་པར་སྐྲུན་བྱ་འཆར་ཡོད་པར་མ་ཟད། གལ་ཆེའི་ཚན་རིག་སློབ་ཚན་ཁག་གཏན་འབེབ་ཀྱིས་རིམ་བཞིན་བོད་སྒྱུར་བྱ་རྒྱུ་ཡིན།

ཕྱི་ལོ་༢༠༠༨ ལོར་ལོ་དང་པོའི་ཚན་རིག་སློབ་དེབ་གཏན་འབེབ་དང་བོད་བསྒྱུར་གྲུབ་ནས་ཚོད་ལྟའི་ཚུལ་དུ་སྔར་ཡོད་ཀྱི་ཚན་རིག་ཟབ་ཞུགས་པ་ཚོར་ཟབ་སྦྱོང་ཞིག་༢༠༠༨ ལོའི་དབྱར་ཁར་ཚོགས་ཡོད།  ད་ཆ་དངོས་གཞིའི་ཚན་རིག་ཟབ་སྦྱོང་འཛིན་གྲྭ་བསྡུ་བཞིན་ཡོད་ལ། དེ་ཡང་ཟབ་ཞུགས་པ་རྣམས་ནི་གཤམ་གྱི་ཆ་རྐྱེན་ལ་གཞིགས་ནས་ཆོས་བརྒྱུད་རིས་མེད་ཀྱི་གདན་སའམ་བཤད་གྲྭ་ཁག་ནས་བསྡུ་རྒྱུ་ཡིན་ན། ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་སོ་སོ་ནས་ལས་དོན་འདི་གལ་ཆེན་དུ་བརྩིས་ནས་ཟབ་ཞུགས་པ་འདེམ་སྒྲུག་ཐད་ང་ཚོར་ཕྱར་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཡང་ཞུ་བ་ལགས།

༡ ཚན་རིག་ཟབ་སྦྱོང་འདིར་ཞུགས་མཁན་གྱི་གྲྭ་བཙུན་རྣམས་ནི་བསླབ་པ་སློབ་གཉེར་ཚད་ལྡན་ཡོད་པའི་དགོན་སྡེའམ་བཤད་གྲྭ་ཁག་ནས་ཡིན་པ་ཞིག་ངེས་པར་དགོས། 

༢ དོ་བདག་རང་ཉིད་ནང་པའི་ཆོས་གཞུང་ལ་མ་མཐར་ཡང་སློབ་གཉེར་ལོ་བཅུ་གནང་ཡོད་པ་དང་དེའི་རྒྱབ་བརྟེན་གྱི་ལག་ཁྱེར་ཚད་ལྡན་ཡོད་དགོས་པ་དང༌། རང་ལོ་༤༠ མ་བརྒལ་བ་ཞིག་ཡིན་དགོས།

༣ ཚན་རིག་ཟབ་སྦྱོང་འདི་བཞིན་ལོ་ངོ་ལྔའི་རིང་ལོ་རེར་ཐེངས་རེར་འཚོགས་རྒྱུ་ཡིན་པས། ལོ་ལྔའི་རིང་གི་ཟབ་སྦྱོང་དེ་དག་མ་ཆད་པར་ཚོགས་ཞུགས་ཐུབ་པ་དགོས། 

ཕྱི་ལོ་༢༠༠༩ ལོའི་ཚན་རིག་ཟབ་སྦྱོང་དེ་ཕྱི་ཟླ་༥ པའི་ཟླ་དཀྱིལ་ནས་ཟླ་གཅིག་རིང་ལ་ཚོགས་རྒྱུ་དང༌། ལོ་ལྔའི་ཚན་རིག་ཟབ་སྦྱོང་མཇུག་སྒྲིལ་མཚམས་སུ་ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་མིང་ཐོག་ནས་བབ་མཐུན་གྱི་ལག་ཁྱེར་ཀྱང་སྤྲོད་རྒྱུ་ཡིན། ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ནས་ཁྱོན་བསྡོམས་དགེ་འདུན་པ་དང་བཙུན་མ་གྲངས་༥༠ མ་གཏོགས་བསྡུ་རྒྱུ་མིན། ཟབ་སྦྱོང་འདིར་ཞུགས་བློ་ཡོད་མཁན་ཚོས་ཕྱི་ལོ་༢༠༠༩ ལོའི་ཟླ་༡ ཚེས་༣༡ འགྱངས་མེད་དུ་ཁོངས་སོ་སོའི་དགོན་སྡེའམ་བཤད་གྲྭ་བརྒྱུད་ནས་ང་ཚོར་འབྲེལ་བ་གནང་རོགས།  ཆོས་བརྒྱུད་དང་གདན་ས་སོ་སོ་ནས་ཐོན་པའི་སྙན་ཞུ་ཁག་ལ་གཞི་བཅོལ་ནས་ཟབ་ཞུགས་པ་གདམ་རྒྱུ་ཡིན་པ་ལས། སྙན་ཞུ་གང་འབྱོར་བཞིན་དུ་འདེམ་རྒྱུ་མིན་པ་དེ་དོན་ཡང་དགོངས་འཇགས་ཡོད་པ་ཞུ། ། ལས་འཆར་འདི་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཁག་མཁྱེན་རྟོགས་དགོས་ན་དྲ་གནས་འདིར་གཟིགས་རོགས།
www.tibetan.ltwa.net

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ནས།

འབྲེལ་བ་གནང་ཡུལ།
The Director
Library of Tibetan Works& Archives
Gangchen Kyishong, Dharamsala
Distt Kangra  H.P-176216

Mail:  director@ltwa.net

Tel: +91-1892-222467

Mob:+91-9816066677
Mob:+91-9816782272

Mob:+91-9816277003

All Right reserved to LTWA